༡ དེ་ནས་ཡ་ཝྰེས་ནོ་ཨ་ལ་སྨྲ་ཟིན། མདང་དེ་རིང་གི་མི་ཡ་ལས་ཁྱོད་ངའི་འགྲམ་ལ་སེམས་དྲང་པོ་ཡིན་པ་མཐོང་བས་(མཐོང་བའི་ཕྱིར་)ཁྱོད་རང་ཁྱིམ་གྱི་མི་གང་པོ་དང་མཉམ་པོ་སྒམ་གྱི་ནང་ལ་ཞུགས།
༢ དུད་འགྲོ་གཙང་མ་གང་པོ་ལས་ཕོ་མོ་བདུན་བདུན་དང་། དུད་འགྲོ་མི་གཙང་མ་ལས་ཕོ་མོ་གཉིས་གཉིས་དང་། ༣ ནམ་མཁའི་བྱ་ཡ་ལས་ཕོ་མོ་བདུན་བདུན་ཁྱོད་དང་མཉམ་པོ་ཁྱེར། ཅི་ལས་སྨྲ་ན་ས་གཞི་གང་པོའི་ངོས་ལ་བརྒྱུད་ཀྱི་ས་བོན་གསོན་པོར་ལུས་ཅེས་ལ། (ལུས་པའི་ཕྱིར་རོ།) ༤ དེ་ནས་ཉི་མ་བདུན་གྱི་འགབ་ལས་ངས་ཉིན་མཚན་བཞི་བཅུ་ས་ལ་ཆར་པ་རྒྱབ་བཅུག་སྟེ། ངས་བྱས་པའི་ལུས་ཅན་གང་པོ་ས་གཞི་གང་པོའི་ཐོག་ལས་མེད་པར་བྱེད་མཁན་ཡིན་སྨྲས་ཏེ་སྨྲ་ཟིན། ༥ ཨལ་ལོ་ཧིམ་གྱིས་ནོ་ཨ་ལ་བཀའ་བྱས་པ་དེ་ཅོག་འདྲ་ནོ་ཨས་འདི་ཅོག་འདྲ་བྱེད་ཟིན།།
༦ ནོ་ཨ་ལོ་དྲུག་བརྒྱ་སླེབས་ཏེ་ཆུ་རུད་ཆེན་པོ་ས་ལ་འབབ་ཟིན།།
༧ དེ་ནས་ཆུ་རུད་ཆེན་པོ་འབབ་རན་ཏེ་ནོ་ཨ་ནི་བུ་ཡ་དང་ཆུང་མ་དང་བུའི་ཆུང་མ་ཡ་དང་མཉམ་པོ་སྒམ་གྱི་ནང་ལ་འཇུག་ཟིན། ༨ ཨལ་ལོ་ཧིམ་གྱིས་ནོ་ཨ་ལ་བྱས་པའི་བཀའ་སྨྲས་པ་ཅོག་འདྲ་དུད་འགྲོ་གཙང་མ་ཡིན་མཁན་དང་། གཙང་མ་མ་ཡིན་མཁན་དང་། བྱ་ཡ་དང་། ལྟོ་འགྲོ་སྲིན་འབུ་གང་པོ་ལས། ༩ ཕོ་མོ་གཉིས་གཉིས་ནོ་ཨའི་འགྲམ་ལ་སྒམ་གྱི་ནང་ལ་འཇུག་ཟིན། ༡༠ དེ་ནས་ཉི་མ་བདུན་གྱི་འགབ་ལས་ཆུ་རུད་ཀྱི་ཆུ་ས་ལ་འབབ་ཟིན།།
༡༡ ནོ་ཨའི་ཚེ་ལོ་དྲུག་བརྒྱ་པའི་ཟླ་བ་གཉིས་པའི་ཚེས་བཅུ་བདུན་གྱི་ཉི་མ་དེ་རང་ལ་རྒྱ་མཚོ་ཆེན་པོའི་གཏིང་གི་ཆུ་མིག་གང་པོ་ཡང་རྡོལ་ཟིན། ནམ་མཁའི་སྒེ་ཁུང་གང་པོ་ཡང་འབྱེ་ཟིན། ༡༢ ཉིན་མཚན་བཞི་བཅུའི་བར་དུ་དྲག་ཆར་ས་ལ་འབབ་ཟིན། ༡༣ དེ་རང་གི་ཉི་མ་ལ་ནོ་ཨ་དང་། ནོ་ཨའི་བུ་ཤེམ་དང་ཧམ་དང་ཡ་ཕེད་གསུམ་དང་། ནོ་ཨའི་ཆུང་མ་དང་བུ་ཡ་གི་ཆུང་མ་གསུམ་དང་མཉམ་པོ་སྒམ་གྱི་ནང་ལ་འཇུག་ཟིན། ༡༤ འོ་ཡ་རང་དང་། དུད་འགྲོའི་རིགས་གང་པོ་དང་། རྐང་བཞི་པའི་རིགས་གང་པོ་དང་། ས་ལ་རྒྱུ་མཁན་གྱི་ལྟོ་འགྲོ་སྲིན་འབུའི་རིགས་གང་པོ་དང་། བྱ་བྱིའུའི་རིགས་གང་པོ་དང་། ཤོག་ཅན་གྱི་བྱ་ཆེ་ཆུང་མ་ལུས་པ་འཇུག་ཟིན། ༡༥ སྲོག་གི་དབུགས་ཡོད་པའི་ལུས་ཅན་གང་པོ་ལས་གཉིས་གཉིས་ནོ་ཨའི་འགྲམ་ལ་སྒམ་གྱི་ནང་ལ་འཇུག་ཟིན། ༡༦ ཞུགས་པ་ཡ་ཨལ་ལོ་ཧིམ་གྱི་བཀའ་ཅོག་འདྲ་ལུས་ཅན་གང་པོ་ལས་ཕོ་དང་མོ་ཡོད་མཁན། དེ་ནས་ཡ་ཝྰེས་ཁོའི་རྒྱབ་ལ་སྒོ་རྒྱབ་ཟིན།།
༡༧ དེ་ནས་ཉི་མ་བཞི་བཅུའི་བར་དུ་ས་ལ་ཆུ་རུད་ཐོན་ཏེ། ཆུ་ཕེལ་ཏེ་སྒམ་བཀྱགས་ཏེ་ས་ལས་འགྱོག་ཟིན། ༡༨ ཆུ་ཆེན་པོར་གྱུར་ཏེ་ས་ལ་འཇིགས་པོར་ཕེལ་ཏེ་ཆུའི་ཁ་ལ་སྒམ་ལྡིང་ཟིན། ༡༩ དེ་ནས་ས་ལ་ཆུ་འཇིགས་པོ་རྒྱ་ཆེ་བ་ཐོན་པས། ནམ་མཁའ་གང་པོའི་འོག་ལ་ཡོད་པའི་རི་མཐོན་པོ་གང་པོ་འགེབས་ཟིན། ༢༠ རི་རྩེ་ལས་ཁྲུ་བཅོ་ལྔ་ཐལ་ཙམ་གྱི་ཆུ་ཕེལ་ཏེ་རི་ཁ་ཡ་བཀབ་སྟེ་སོང་། ༢༡ དེ་ནས་ས་ལ་ཡོད་པའི་ལུས་ཅན་བྱ་དང་། རྐང་བཞི་པ་དང་། དུད་འགྲོ་དང་། ས་ལ་ལྟོ་འགྲོ་སྲིན་འབུ་གང་པོ་དང་། མི་གང་པོ་འཆི་ཟིན་དང་། ༢༢ སྣ་ཀུ་ལ་སྲོག་གི་དབུགས་ཡོད་པ་གང་པོ། སྐམ་ས་ལ་ཡོད་པའི་ལུས་ཅན་གང་པོ་འཆི་ཟིན། ༢༣ ས་ལ་ཡོད་པའི་ལུས་ཅན་གང་པོ་ནི་མི་ནས་དུད་འགྲོ་དང་། ལྟོ་འགྲོ་སྲིན་འབུ་དང་། ནམ་མཁའི་བྱ་ཡ་གི་བར་དུ་མེད་པར་བྱེད་ཟིན། འོ་ཡ་ས་ལས་མེད་པར་འགྲོ་ཟིན། སྒམ་གྱི་ནང་ལ་ནོ་ཨ་དང་། འོ་དང་མཉམ་པོ་ཡོད་པ་ཁ་རྐྱང་ལུས་ཟིན། ༢༤ དེ་ནས་ཉི་མ་བརྒྱ་དང་ལྔ་བཅུའི་བར་དུ་ས་ལ་ཆུ་རྒྱས་ཏེ་སོང་།། །།